ཞང་ཞུང་སྨར་གྱི་ཡིག་གཟུགས་ཕབ་ལེན།

ཞང་ཞུང་སྨར་གྱི་ཡིག་གཟུགས་མཉེན་ཆས་ཀྱི་གསལ་བཤད།

ཐ་ཚན་མུ་ཙུག་སྨར་རོ། །
ཡང་ཞང་ཞུང་སྨར་གྱི་ཡིག་གཟུགས་ནི་དེང་གི་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་མ་བྱུང་བའི་ཡར་སྔོན་ནས་ཡོད་པའི་ཞང་བོད་ཐུན་མོང་གིས་བེད་སྤྱོད་གཏོང་བཞིན་པའི་ཡིག་གཟུགས་ཤིག་ཡིན་པར་གནའ་དེང་གི་མཁས་དབང་གང་མང་ཞིག་གིས་གསུངས་དང་གསུང་བཞིན་པ་རེད་ལ།
ཞང་ཞུང་སྨར་ཡིག་ནི་ཉུང་མཐའ་ཡང་ལོ་ངོ་ཆིག་སྟོང་བཞི་བརྒྱའི་ཡར་སྔོན་གྱི་ལོ་རྒྱུས་ལྡན་པའི་ཡིག་རྙིང་ཞིག་ཡིན་པ་དང་། ཁྱད་པར་དུ་དེང་འཛམ་བུ་གླིང་དུ་འོད་ལྷང་ལྷང་དུ་འཚེར་བཞིན་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་བྱུང་ཁུངས་ནི་ཞང་ཞུང་གི་ཤེས་རིག་ཡིན་པ་ཀུན་གྱིས་མཁྱེན་ས་ལྟར་རེད་ལ། ཞང་ཞུང་གི་ཤེས་རིག་དེ་ལ་ཡང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤིག་ཡིན་པ་དེ་ཡང་དེང་རྒྱལ་ཕྱི་ནང་གི་མཁས་དབང་རྣམ་པས་གདེང་འཇོག་བྱེད་དང་བྱེད་བཞིན་པ་དེ་དངོས་ཡོད་དུ་ཆགས་ཡོད་ཅིང་། དེའི་ནང་ནས་ཞང་ཞུང་སྨར་གྱི་ཡི་གེ་ཡང་ཞང་ཞུང་ཤེས་རིག་གི་རྨངས་གཞིར་གྱུར་བ་ཡང་སྨོས་མ་དགོས་རེད།

ཞང་ཞུང་སྨར་ཡིག་ནི་བོད་ཡིག་དབུ་ཅན་དབུ་མེད་ཀྱི་ཕྱི་མོ་ཡིན་པ་ཡང་ཚད་ལྡན་གྱི་ལོ་རྒྱུས་དག་དང་མཁས་དབང་རྣམ་པའི་གསུང་ལས་གསལ་བོར་བཀོད་ཡོད།

དེ་ཕྱིར་ང་ཚོས་ཀྱང་རང་གིས་ནུས་ཚོད་དང་བསྟུན་ནས་བོད་ཀྱི་རིག་གནས་འདི་ཉིད་དར་སྤེལ་དང་རྒྱུད་འཛིན་སོགས་ཀྱི་ཆེད་དུ་དམིགས་ཏེ་དུས་རབས་དང་མཐུན་པའི་སྒོ་ནས་བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་འདི་ཉིད་རྩིས་འཁོར་དུ་བཅུག་པའི་ལས་འགན་དེ་འཕྲག་ཏུ་བླངས་པ་ཡིན།

སྤྱིར་བཏང་ཞང་ཞུང་སྨར་ཆུང་ལ་ཡང་བྲིས་རྒྱུན་མི་འདྲ་བ་རེ་གཉིས་འདུག་མོད་ཀྱང་ང་ཚོས་ཆེད་དུ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་སོགས་ལ་བཀའ་འདྲི་ཡང་ཡང་ཞུས་ཏེ་ཡིག་གཟུགས་འདི་ཉིད་གཏན་ཁེལ་བྱས་ཏེ་ཡིག་གཟུགས་པ་ཤར་སྟེང་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཡིག་འབྲུ་དགུ་བརྒྱ་ལྷག་བྲིས་པ་དང་། སྤྲུལ་བའི་སྐུ་མཆོག་དམ་པ་༧ལི་ཤུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེ་ནས་ཡིག་གཟུགས་མཉེན་ཆས་བཟོ་སྐྲུན་གྱི་འགྲོ་སོང་སྤྱི་ཡོངས་གནང་ནས་ངེད་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》རྩོམ་སྒྲིག་ཁང་ནས་བཟོས་པ་ཡིན།

ཡིག་གཟུགས་འདི་ཉིད་ནི་རྒྱལ་སྤྱིའི་བོད་ཡིག་ཡིག་གཟུགས་མཉེན་ཆས་ཧི་མ་ལ་ཡའི་ཡིག་གཟུགས་ཀྱི་གཏག་ཆས་རང་ཡིན་ལ། བོད་ཡིག་ཧི་གཟུགས་དེ་དེང་སྐབས་རྒྱལ་ཕྱི་ནང་གི་བོད་ཡིག་བེད་སྤྱོད་གཏོང་མཁན་རྣམས་ཀྱིས་ཐུན་མོང་དུ་བཀོལ་བའི་ཡིག་གཟུགས་གཅིག་པུ་དེ་རང་ཡིན་པས་ང་ཚོས་ཀྱང་ཡིག་གཟུགས་མཉེན་ཆས་དེ་ལ་དམིགས་ནས་ཡིག་གཟུགས་གསར་པ་འདི་བཟོས་པ་ཡིན།
འོན་ཀྱང་འཇིག་རྟེན་གྱི་བྱ་བ་གང་དང་གང་ཡིན་ནའང་དེ་ལ་མ་འདང་སའི་ཕྱོགས་གང་ཞིག་མཆིས་སྲིད་པ་ཞིག་ཡིན་པ་ལྟར་ང་ཚོའི་ལས་གཞི་འདི་ལ་ཡང་མ་འདང་བའི་ཕྱོགས་ཆ་གང་དག་མཆིས་པ་དག་རྒྱ་ཆེ་བའི་སྤུན་གྲོགས་དག་གིས་བཀའ་སློབ་སོགས་གནང་བའི་རེ་བ་དང་ང་ཚོས་ཀྱང་དངོས་ཀྱི་མ་འདང་བའི་ཆ་རྣམས་ལོ་ངོ་གཅིག་གི་ནང་དུ་བསྡུ་རུབ་བྱས་ཏེ་མཐར་ཡིག་གཟུགས་འཕྲི་སྣོན་སོགས་བྱེད་འཆར་ཀྱང་ཡོད་པས་ཐུགས་བཞེས་རེ་གནང་བར་འཚལ།
གཞན་འདི་ག་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》རྩོམ་སྒྲིག་ཁང་གིས་པར་བསྒྲིགས་བྱས་ཏེ་བདག་ཅག་གི་༧སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་ཚད་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་བསྡུས་པའི་པོད་དེ་ཚར་གྲངས་ཆིག་སྟོང་དང་། མདོ་སྨད་རྩེ་ཞིག་དགོན་《གངས་ཏི་སེ་བོན་གཞུང་རིག་མཛོད》དཔེ་ཚོགས་རྩོམ་སྒྲིག་ཁང་གིས་རྩིས་འཁོར་དུ་པར་བསྒྲིགས་བྱས་པའི་མདོ་འདུས་པ་རིན་པོ་ཆེའི་བཀའ་ཚད་མ་དང་། སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས་གཉིས་ཀྱི་མ་ཕྱི་རང་གནང་བ་དེ་པོད་གཅིག་ཚར་ཆིག་སྟོང་དང་། ཞང་ཞུང་སྨར་གྱི་ཡིག་གཟུགས་མཉེན་ཆས་འོད་སྡེར་ཚར་ཆིག་སྟོང་བཅས་པར་བསྐྲུན་བྱས་ཏེ་རྒྱལ་ཕྱི་ནང་དུ་བཞུགས་པའི་དགོན་སྡེ་ཁག་དང་སློབ་གཉེར་སྡེ་དག་སོགས་ལ་རིན་མེད་ཀྱི་གཟིགས་འབུལ་བྱས་པ་ཡིན།

འདི་ནི་དུས་རབས་ཉེར་གཅིག་པའི་ནང་དུ་ཞང་ཞུང་སྨར་ཡིག་གི་ལམ་ནས་པར་བསྒྲིགས་འགྲེམ་སྤེལ་བྱས་པའི་དཔེ་ཆ་ཐོག་མ་དེ་ཡང་ཆགས་ཡོད་ལ། དེ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཀྱང་སོང་ཡོད།

མཐར་བོད་གངས་ཅན་གྱི་ཡི་གེའི་ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་འདི་ཉིད་ལ་བརྟེན་ནས་འཛམ་གླིང་གི་ཤེས་རིག་སྤྱི་དང་ཁྱད་པར་དུ་བོད་གངས་ཅན་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་དར་སྤེལ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་དུ་འགྲོ་བའི་ཡིད་ཆེས་དང་བཅས་རབ་འབྱམས་པའི་མིང་ཙམ་འཛིན་པ་རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་བོད་ཆུ་འབྲུག་ལོའི་ཟླ ༤ ཚེས ༡༥ ༼༢༠༡༢ ༦ ༽ལ་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་བྲིས་པའོ། །

ཡིག་གཟུགས་སྒྲིག་འཇུག་བྱེད་སྟངས།

གལ་སྲིད་ཁྱེད་ཉིད་ཀྱིས་བཀོལ་བཞིན་པ་ནི་Windows 7ཡིན་ཚེ། ཕབ་ལེན་བྱས་ཚར་བ་དང་བཙིར་གནོན་ལས་གྲོལ་དགོས། དེ་རྗེས་The script of Zhangzhung Smar.ttf ཡིག་ཆ་འདིའི་སྟེང་ཙི་གུས་གཡས་རྡེབ་གནང་ནས་(Install/安装)བྱས་པས་འཐུས།

གལ་སྲིད་ཁྱེད་ཉིད་ཀྱིས་བཀོལ་བཞིན་པ་ནི་Windows XPཡིན་ཚེ། ཕབ་ལེན་བྱས་ཚར་བ་དང་བཙིར་གནོན་ལས་གྲོལ་དགོས། དེ་རྗེས་The script of Zhangzhung Smar.ttf ཡིག་ཆ་འདི་འདྲ་བཤུས་(Copy/复制)བྱས་ཏེ་Cསྡེར་ནང་གི་Windowsའོག་གི་Fontsནང་དུ་བླུགས་དགོས།

ཞང་ཞུང་སྨར་གྱི་ཡིག་གཟུགས་ཕབ་ལེན། http://pan.baidu.com/s/1jGnNGyi

“ཞང་ཞུང་སྨར་གྱི་ཡིག་གཟུགས་ཕབ་ལེན།” དཔྱད་མཆན 12 ཡོད།

  1. ད་རུང་དྲི་རྒྱུ་ཞིག་ཡོད་པ་སྟེ། ཁྱེད་ཉིད་ཀྱི་དྲ་བར་བཀོལ་བའི་ཡིག་གཟུགས་གང་ཡིན་ནམ། དེ་ནི་ཨན་ཌྲོ་ཁ་པར་ནང་དུ་གང་ལེགས་སུ་ཤར་བའི་རྐྱེན་གྱིས་གོང་ལྟར་དྲིས་པའོ།

    1. ངེད་དྲ་བས་བཀོལ་སྤྱོད་བྱེད་བཞིན་པ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གིས་བཟོས་པའི་ཇོ་མོ་གླང་མའི་དབུ་ཅན་གསར་ཆེན་དང་དབུ་ཅན་གསར་ཆུང་གཉིས་རེད། དེ་དག་ངེད་དྲ་བའི་ཕབ་ལེན་ལེ་ཚན་དུ་ཕབ་ལེན་བྱེད་རྒྱུ་ཡོད་ལགས།

  2. དྲ་བདག་ལགས། ཁྱེད་རང་དྲ་བའི་ཕུལ་བྱུང་དཔྱད་རྩོམ་མམ་མཉེན་ཆས་རྣམས་ལ་ཕྲན་ཆུང་གིས་བོད་ཀྱི་སློབ་འབྲིང་དྲ་བར་བརྒྱུད་སྤེལ་བྱེད་ཨེ་ཆོག

  3. རིན་སྤུངས་ཚུར་བསྟན་ལགས་ཐུགས་རྗེ་ཤིན་ཏུ་ཆེའོ།། ད་དུང་ཡང་བོད་ཡིག་གི་ཡིག་ཚུགས་ཞིག་གསར་བཏོད་གནང་ན་ག་འདྲ་རེད་དམ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།