བོད་ཡིག་གི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་གཏན་ལ་ཕབ་ཚུལ་གྱི་ལོ་རྒྱུས་མདོར་ཙམ།

མིའི་རིགས་གློག་རྡུལ་རྩིས་འཁོར་དུས་རབས་སུ་བསྐྱོད་པ་ནི་དེང་རབས་ཚན་རྩལ་འཕེལ་རྒྱས་སུ་སོང་བའི་ཆུ་ཚད་ལ་ར་སྤྲོད་ལེགས་པོ་བྱས་པ་ཞིག་རེད། དེས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དེང་རབས་ཅན་དུ་ཅི་ལྟར་མངོན་འགྱུར་བྱེད་པ་དང་། འཛམ་གླིང་གི་མི་མང་པོ་ཞིག་གིས་བོད་མི་རིགས་ལ་རྒྱུས་ལོན་ཅི་ལྟར་བྱེད་པའི་གནད་དོན་ལ་ཐག་གཅོད་ལེགས་པོ་ཡོང་དགོས་པ་སོགས་ཀྱི་གནས་ཚུལ་དེ་འདྲའི་འོག་ཏུ་བོད་ཡིག་དང་གློག་རྡུལ་རྩིས་འཁོར་གྱི་ཐོག་མའི་མཉམ་འབྲེལ་དང་བཀོལ་སྤྱོད་དེ་བྱུང་བ་རེད།

སྤྱི་ལོ1984ལོར། ནུབ་བྱང་མི་རིགས་སློབ་གླིང་དུ་མཉམ་འབྲེལ་གྱི་ཚོ་ཆུང་ཞིག་བཙུགས་ཏེ་རྩིས་འཁོར་བོད་ཡིག་རྒྱུད་ཁོངས་ཀྱི་ཞིབ་འཇུག་དང་བཟོ་སྐྲུན་གྱི་ལས་ཀ་གཉེར། སྤྱི་ལོ1986ལོར་སློབ་གླིང་དེ་རང་ནས་བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་སློབ་ཁྲིད་ཆེད་ལས་ཀྱང་བཙུགས། སྤྱི་ལོ1993ལོར་རྒྱལ་ཁབ་ལག་རྩལ་ལྟ་ཞིབ་ཅུའུ་དང་གློག་རྡུལ་བཟོ་ལས་པུའུ། བོད་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཁག་གིས་ཆ་འཕྲིན་བརྗེ་རེས་ལ་བོད་ཡིག་ཨང་སྒྲིག་རྒྱལ་སྤྱིའི་ཚད་ལྡན་སྤྱོད་པའི་བྱ་བ་དེ་དངོས་སུ་དང་དུ་བླངས་ཤིང་འཆར་གཞིའི་ཟིན་ཐོར་བཀོད་ནས་བོད་ཡིག་ཨང་སྒྲིག་རྒྱལ་སྤྱིའི་ཚད་ལྡན་གྱི་གཏན་འབེབས་བྱ་བའི་སྒོ་ཕྱེས་པ་རེད།

སྤྱི་ལོ1994ལོའི་ལོ་མགོར། རྒྱལ་ཁབ་ལག་རྩལ་ལྟ་སྐུལ་ཅུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། གློག་རྡུལ་བཟོ་ལས་པུའུ་སོགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་ཏེ། བོད་ལྗོངས་བོད་སྐད་ཡིག་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། རྒྱལ་ཡོངས་ཆ་འཕྲིན་གཅིག་གྱུར་ཅན་གྱི་ཨུ་ཡོན་ཚོགས་པ་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཆེད་མཁས་པ་དག་མཉམ་དུ་འདུས་ནས་ཧུར་བརྩོན་གང་ལེགས་བྱས་པར་བརྟེན། ཐོག་དང་པོའི་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་ཀྱི་གྲོས་གཞི་དེ་ཡོངས་འགྲུབ་བྱས། ལོ་དེའི་ཟླ4པར་རང་རྒྱལ་གྱི་བོད་ཡིག་ཆེད་མཁས་པ་ཐུར་ཁེ་རྒྱལ་ཁབ་དུ་སོང་ནས་ ISO/IEC JTCL SC2/WG2 སྐབས25པའི་གྲོས་ཚོགས་ལ་ཞུགས་ཏེ་གྲོས་གཞི WG2 ལ་ཕུལ་ནས་གྲོས་ཞིབ་བྱེད་དུ་བཅུག སྐབས་དེར་རྒྱ་གར་གྱི་ཆེད་མཁས་པ་ཞིག་གིས་ཀྱང་བོད་ཡིག་ཨང་སྒྲིག་གི་ཇུས་གཞི་ཞིག་ཡར་སྤྲོད་བྱས། གྲོས་བསྡུར་བྱས་པ་བརྒྱུད་ WG2 ཡིས་ཀྲུང་གོར་ཡིག་རྟགས་ཚོཊ་ལ་བཙིར་གནོན་བྱེད་དགོས་པའི་རེ་བ་བཏོན། ལོ་དེའི་ཟླ10པར་ཀྲུང་གོའི་སྲིད་གཞུང་གིས་ཡང་བསྐྱར་སྐབས26པའི་ WG2 ཚོགས་འདུ་ལ་གྲོས་གཞི་གསར་བ་ཞིག་ཡར་སྤྲོད་བྱས།

སྤྱི་ལོ1995ལོའི་ཟླ4བར་སི་ཝེ་སི་ནས་བསྡུས་པའི་སྐབས27པའི WG2 ཚོགས་འདུའི་སྟེང་། ཀྲུང་གོའི་འཐུས་མི་ཚོགས་པ་དང WG2 གཉིས་ཀྱིས་བོད་ཡིག་ཨང་སྒྲིག་ལ་ཅུང་གཏིང་ཟབ་པའི་གྲོས་བསྡུར་བྱས། ཀྲུང་གོའི་འཐུས་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ Unicode ཡིས་ཀྱང་སྐབས་དེར་བོད་ཡིག་ཨང་སྒྲིག་གི་གྲོས་གཞི་གཞན་ཞིག་ཡར་སྤྲོད་བྱས་བྱུང་བ་དེ་རང་རྒྱལ་གྱི་ནང་དོན་དང་ཅུང་འདྲ་མོད། འོན་ཀྱང་ཁྱད་པར་ངེས་ཅན་ཞིག་ཡོད། WG2 ཡིས་བོད་ཡིག་བཀོལ་སྤྱོད་བྱེད་བཞིན་པའི་རྒྱལ་ཁབ་དག་གི་རེ་བ་སྐོང་ཆེད་ཀྲུང་གོ་ལ་འབར་མ་དང་འབྲུག་ཡུལ། རྒྱ་གར་སོགས་རྒྱལ་ཁབ་དང Unicode མཐུན་ཚོགས་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས་ཕྱོགས་སོ་སོའི་ཁས་ལེན་པའི་བོད་ཡིག་ཨང་སྒྲིག་ནི་ཆེས་མཐའ་མཇུག་གི་གྲོས་གཞི་ཡིན་དགོས་པའི་རེ་བ་བཏོན།

སྤྱི་ལོ1995ལོའི་ཟླ5བའི་བར་རྒྱལ་ཡོངས་བརྡ་འཕྲིན་ལག་རྩལ་ཚད་ལྡན་ཅན་ཨུ་ཡོན་ལྷན་ཁང་གིས་ཆེད་དུ་ཚོགས་འདུ་བསྡུས་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཨང་སྒྲིག་གནད་དོན་ལ་གྲོས་བསྡུར་བྱས། ཟླ་དེར་བོད་ཡིག་ཐག་གཅོད་རྒྱལ་སྤྱིའི་ཨང་སྒྲིག་དཔྱད་གླེང་ཚོགས་འདུ་དེ་ལྷ་ས་རུ་བསྡུས། འབྲེལ་ཡོད་ཀྱི་ཀྲུང་དབྱང་དང་ས་གནས་ལས་ཁུངས་ཀྱི་འཐུས་མི། བོད་རིག་པའི་ཆེད་མཁས་པ། རྩིས་འཁོར་ཨང་སྒྲིག་ཆེད་མཁས་པ། སྒྲ་རིག་མཁས་པ22ལྷག་གིས་དུས་ཡུན་རིང་བོར་གྲོས་བསྡུར་དང་བཟོ་བཅོས་བྱས་ཏེ Unicode ཡི་བོད་ཡིག་ཨང་སྒྲིག་གི་གྲོས་གཞི་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། མཐར་ཅུང་འཐུས་ཚང་ཅན་གྱི་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཨང་སྒྲིག་གི་གྲོས་གཞི་ཞིག་ཡོངས་འགྲུབ་བྱས། དེ་ལྟར་སྤྱི་ལོ1997ལོར་སླེབས་པ་ན་བོད་ཡིག་འདི་ཉིད་ཀྲུང་གོའི་ཆེས་ཐོག་མའི་རྒྱལ་སྤྱིའི་ཚད་ལྡན་གྱི་གྲངས་ཉུང་མི་རིགས་ཡི་གེའི་ཨང་སྒྲིག་ཏུ་གྱུར་བ་རེད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།