སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་གཞི་ངོ་སྤྲོད།

བོད་ཀྱི་སྐད་ཡིག་ནི་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་འབོར་ཆེས་མང་པོའི་ཆོས་རིག་སློབ་སྦྱོང་དང་ལག་ལེན་གྱི་རྩ་བ་དང་། དེ་བཞིན་རྒྱུན་ལྡན་འཚོ་བའི་ནང་སྤྱོད་བཞིན་པའི་སྐད་ཡིག་གལ་ཆེན་ཞིག་ཆགས་ཡོད་ཅིང། བོད་ལ་ཡིག་སྲོལ་བྱུང་ནས་ད་ཕན་མི་ལོ་སྟོང་ཕྲག་ལྷག་རིང་བོད་ཀྱི་སྔོན་བྱོན་ཡབ་མེས་ཚོས་འགྲན་ཟླ་བྲལ་པའི་རྣམ་དཔྱོད་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དེ་བཞིན་ཡར་རྒྱས་རིམ་པར་བཏང་སྟེ། ད་ཆ་བོད་ཀྱི་སྐད་ཡིག་ནི་མི་རིགས་རང་གི་ཐུན་མིན་ངོ་རྟགས་ཙམ་མ་ཟད། ནང་དོན་རིག་པ་གཙོ་བོ་བྱས་པའི་རིག་གནས་ཀྱི་སྲོལ་རྒྱུན་གང་མང་ཞིག་གི་གཞི་རྟེན་ཉག་གཅིག་ཆགས་ཡོད། འོན་ཀྱང་མིག་སྔའི་ལོ་རྒྱུས་ཀྱི་གནས་བབ་དང་དུས་ཀྱི་འགྱུར་བའི་དབང་གིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གོ་སྐབས་ཉག་ཕྲ་བར་གྱུར་ཏེ་ཕྱོགས་མང་པོ་ནས་ཉེན་ཁའི་གནས་སུ་ལྷུང་བཞིན་ཡོད། དེར་བརྟེན། དེང་རབས་བརྡ་འཕྲིན་གྱི་བརྒྱུད་ལམ་ལ་བརྟེན་ནས་བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཆགས་ཡོད། འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་པའི་ལས་གཞི་ཁ་ཤས་འགོ་འཛུགས་བྱས་དང་བྱེད་བཞིན་པའི་གཙོ་གནད་ལས་གཞི་གཅིག་ནི། གློག་ཀླད་ཚིག་མཛོད་རྒྱས་པ་ཞིག་རྩོམ་སྒྲིག་དང་བཟོ་སྐྲུན་བྱ་རྒྱུ་དེ་ཡིན།

བོད་ལ་ནང་དོན་རིག་པ་གཙོ་བོ་བྱས་པའི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་ཅིང། ཚིག་མཛོད་ལ་ཆ་བཞག་ནའང། བོད་བཙན་པོའི་རྒྱལ་རབས་སྐབས་སུ་གཙོ་བོ་ཡིག་སྒྱུར་གྱི་དགོས་མཁོའི་སླད་རྩོམ་སྒྲིག་གནང་པའི་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་བོད་ཀྱི་ཚིག་མཛོད་ཀྱི་ཐོག་མ་ཡིན་པའི་དབང་དུ་བཏང་ནའང་བོད་ལ་ཚིག་མཛོད་དམ་མིང་མཛོད་དར་ནས་ལོ་ངོ་སྟོང་ལྷག་ཕྱིན་ཟིན་པ་དང། དེ་རྗེས་དུས་རབས་རིམ་བྱུང་ནང་བོད་ཀྱི་མཁས་པ་ཚོས་དག་ཡིག་གམ་ཚིག་མཛོད་སྣ་ཚོགས་རྩོམ་སྒྲིག་མཛད་དེ་བོད་ཀྱི་སྐད་ཡིག་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་ཡོད་ཅིང། ལྷག་པར་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་བོད་ཕྱི་ནང་གི་གཞུང་དང་དེ་བཞིན་སྒེར་པ་ཤེས་ལྡན་མི་སྣ་མང་པོས་སྤྱིར་བཏང་དང་ཆེད་ལས་རང་བཞིན་གྱི་ཚིག་མཛོད་གང་འཚམ་རྩོམ་སྒྲིག་མཛད་གནང་ཡོད་པ་ནི་སྐད་ཡིག་དང་རིག་གནས་ཕྱོགས་ཀྱི་གྲུབ་འབྲས་འགངས་ཆེན་ཞིག་ཡིན་པ་སྨོས་མ་དགོས། འོན་ཀྱང་ད་ཕན་གྱི་བོད་ཡིག་ཚིག་མཛོད་ཁག་གིས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་དགོས་མཁོ་སྐོང་པའི་ནུས་པ་ཆ་ཚང་ཞིག་འདོན་པར་ད་དུང་མི་འདང་སའི་གནད་དོན་དང་ཞན་ཆ་ངེས་ཅན་ཞིག་གནས་ཡོད་པ་ནི་གཅིག་ནས་མ་ཚིག་གམ་དབུ་ཚིག་གི་གྲངས་འབོར་ཉུང་བ་དང། གཉིས་ནས་གནས་སྟངས་ཀྱི་དབང་གིས་ཆོས་ལུགས་དང་ལོ་རྒྱུས་སོགས་ཀྱི་ཐ་སྙད་ལ་འགྲེལ་བཤད་ཇི་བཞིན་བརྒྱབས་མེད་པ། གསུམ་ནས་སྒྲིག་སྟངས་ཐད་ཚིག་མཛོད་ཚད་ལྡན་གྱི་ཁྱད་ཆོས་མི་ཚང་བ་སོགས་ཀྱི་གནད་དོན་མངོན་གསལ་དུ་གནས་ཡོད་ཅིང་། ལྷག་པར་དུ་གློག་ཀླད་ཅན་གྱི་ཚིག་མཛོད་ནི་འགོ་འབུས་ཙམ་ཡིན་པ་རེད། དེ་བས་ན་སྨོན་ལམ་བོད་ཀྱི་ཀུན་བཏུས་གློག་ཀླད་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་བྱེད་པའི་དམིགས་ཡུལ་གཤམ་གསལ་ལྟར་ཡིན།

• བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ཀྱི་ཐ་སྙད་སྤྱི་དང། ནང་སྒོས་སུ་ནང་དོན་རིག་པའི་གསུང་རབ་ཀྱི་བརྡ་ཆད་ཁག་ ཆ་ཚང་བ་ཞིག་བསྡུ་སྒྲིག་བྱ་རྒྱུ།
• མིང་ངམ་ཐ་སྙད་ཁག་གི་འཇུག་དོན་འགྲེལ་བཤད་རྒྱག་སྟངས་ཐད་རིག་ཚན་སོ་སོའི་སྐབས་ཐོབ་ཀྱི་གོ་དོན་གང་ཡིན་ཞིབ་ཚགས་ནན་ཏན་གྱིས་འགྲེལ་བཤད་བྱ་རྒྱུའི་རྩ་དོན་དམ་འཛིན་བྱེད་རྒྱུ།
• བོད་རང་གི་སྔར་སྲོལ་ཚིག་མཛོད་ཀྱི་ལེགས་ཆ་རྒྱུན་འཛིན་དང། དེའི་ཐོག་དེང་རབས་ཀྱི་ཚིག་མཛོད་ཁག་གི་སྒྲིག་སྟངས་ལས་ལེགས་ཆ་བླངས་ཏེ་ཅུང་ཚད་ལྡན་རང་བཞིན་གྱི་ཚིག་མཛོད་ཞིག་སྒྲིག་བཟོ་བྱ་རྒྱུ།
• བོད་དང་ཧི་མ་ལ་ཡའི་མི་རིགས་ཁག་སོགས་སྐད་ཡིག་རིག་གནས་གཅིག་གྱུར་ཡིན་པའི་སློབ་གཉེར་པ་དང། ཞིབ་འཇུག་པ། དེ་བཞིན་ཤེས་ཡོན་གྱི་ལས་ཀ་སྒྲུབ་མཁན་ཚོར་བོད་ཡིག་ཚིག་མཛོད་ཚད་ལྡན་ཞིག་མཁོ་སྒྲུབ་བྱ་རྒྱུ།
• བོད་རིག་པར་ཞིབ་འཇུག་དང་སློབ་གཉེར་གནང་མཁན་གྱི་ཕྱི་རྒྱལ་མཁས་པ་དང་སློབ་ཕྲུག་སོགས་ལ་དེང་རབས་ཀྱི་སྒྲིག་སྟངས་ཚད་ལྡན་གྱི་ལམ་ནས་བཟོས་པའི་བོད་ཡིག་ཚིག་མཛོད་ཅིག་མཁོ་སྒྲུབ་བྱས་ཏེ་བོད་ཀྱི་སྐད་ཡིག་རིག་གནས་ལ་དོ་སྣང་སྔར་ལས་ལྷག་པ་ཡོང་པར་སྐུལ་འདེད་ཀྱི་ནུས་པ་ཐོན་པ་བྱ་རྒྱུ་བཅས་ཡིན།

[རྩོམ་ཁུངས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་།]

“སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་གཞི་ངོ་སྤྲོད།” དཔྱད་མཆན 1 ཡོད།

  1. ༄༅། །སྐུ་ཞབས་སྨོན་ལམ་ལགས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཡི་གེ་དེ་ཡང་འཛམ་གླིང་སྔོན་ཐོན་གྱི་ཡི་གེའི་གྲས་སུ་སླེབས་པར་དཀའ་སྤྱད་འབད་བརྩོན་གནང་ཏེ་བོད་ཡིག་མཉེན་ཆས་གང་མང་ཞིག་བཟོ་སྐྲུན་བྱས་ཡོད་པར་སྙིང་ཁོང་ནས་ཡིད་རངས་དང་དགའ་བསུ་ཞུ་བཞིན་ཡོད། འོན་ཀྱང་སྨོན་ལམ་ཚིག་མཛོད་ཅེས་པའི་མིང་འདོགས་སྟངས་ཐད་གུས་པར་བསམ་ཚུལ་མི་འདྲ་བ་ཞིག་ཡོད་པས་འདིར་ཞུ་ཆོག་པར་གྱིས། དང་ཐོག་སྐུ་ཞབས་སྨོན་ལམ་ལགས་ཀྱི་གཙོར་བཟུང་ནས་ཚིག་མཛོད་གསར་པ་ཞིག་བསྒྲིག་རྒྱུ་རེད་སྙམ་ཏེ་དགའ་སྤྲོའི་འབུམ་གྱིས་མྱོས་ཏེ་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱས་ནས་བསྡད་པ་ཡིན། འོན་ཀྱང་གློག་རྡུལ་ཚིག་མཛོད་དེ་མཐོང་དུས་སྔ་མའི་བོད་རྒྱ་ཚིག་མཛོད་ཆེན་མོ་རང་འཇག་འཇོག་པ་ལས་ཁོང་ཉིད་ཀྱིས་རྩོམ་སྒྲིག་བྱེད་པའི་རྣམ་པ་མ་མཐོང་། དེས་ན་ཁྱེད་ཀྱིས་རྩོམ་སྒྲིག་བྱེད་མེད་ན་སྨོན་ལམ་ཚིག་མཛོད་ཟེར་བ་མི་རིགས་ཐལ། རྒྱ་དབྱིན་སོགས་ལ་དེ་རིགས་ཀྱི་ཚིག་མཛོད་མང་པོ་ཞིག་བཞུགས་པའི་ཆེ་གེ་མོའི་གློག་རྡུལ་ཚིག་མཛོད་ཟེར་བ་ལས། རང་ཉིད་ཀྱི་མིང་ཐོག་ནས་ཚིག་མཛོད་ལ་མིང་འདོགས་པ་མ་མཐོང་། མི་མང་པོ་ཞིག་གིས་ཚིག་མཛོད་འདི་སྐུ་ཞབས་སྨོན་ལམ་ལགས་ཀྱིས་རྩོམ་བསྒྲིགས་བྱེད་པའི་ལོག་རྟོག་འཆར་སྲིད། དེས་ན་མིང་ཇི་ལྟར་འདོགས་སྙམ་ན། སྨོན་ལམ་བོད་ཡིག་གློག་རྡུལ་ཚིག་མཛོད་ཅེས་ཟེར་ན་འགལ་བ་མེད་སྙམ། དེ་ལྟར་ན་སྐུ་ཞབས་སྨོན་ལམ་ལགས་ཀྱིས་གློག་རྡུལ་ཚིག་མཛོད་བཟོ་བ་ལས་རྩོམ་སྒྲིག་བྱེད་མེད་པ་གསལ་བས་དེ་བཞིན་མཛད་འཚལ། ཞུ་ཉེས་པ་བྱུང་ན་དགོངས་འགལ་མེད་པར་ཞུ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།