རྒྱལ་སྤྱིའི་ཨང་སྒྲིག་ཅན་གྱི་ཧི་མ་ལ་ཡའི་ཡིག་གཟུགས་དང་གཏག་ཆས་ཁྱབ་གདལ་དུ་གཏོང་བའི་སྐོར་གྱི་གྲོས་གཞི།

བོད་ཡིག་དེ་རྩིས་འཁོར་དང་ཨིན་ཐེར་དྲ་རྒྱའི་སྟེང་རྒྱ་ཆེར་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བར་ཡིག་གཟུགས་དང་གཏག་ཆས་མི་འདྲ་བའི་ཤུགས་རྐྱེན་འོག་ཚད་བཀག་ཆེན་པོ་ཐེབས་ཡོད། སམ་བྷོ་ཊ་དང་པཎྜིཏ། དོན་ཡོད། ཧྥང་ཀྲིན། ཧྭ་ཀོང་སོགས་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། བཀོལ་སྤྱོད་བྱེད་མཁན་ཡང་མི་ཉུང་བ་རེ་ཡོད།འོན་ཀྱང་མིག་སྔར་ཕན་ཚུན་ཉམས་མྱོང་བརྗེ་རེས་བྱེད་པར་སྟབས་མི་བདེ་བ་དང༌། ཐོན་ཁུངས་མཉམ་སྤྱོད་བྱེད་མི་ཐུབ་ཅིང༌། ཆ་འཕྲིན་བཀོལ་སྤྱོད་བྱེད་ཚད་ཇེ་དམའ་རུ་སོང་ཡོད་ལ། ཆ་འཕྲིན་ཡང་བསྐྱར་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་མི་ཤུགས་དང་དངོས་ཤུགས། དུས་ཚོད་ཆུད་ཟོས་སོགས་ཀྱི་གནད་དོན་ལྷགས་ཡོད་པས། རྒྱ་ཆེ་བའི་སྒོ་ནས་བཀོལ་སྤྱོད་བྱེད་མི་ཐུབ་པའི་ཚད་དུ་སླེབས་ཡོད། དེ་བས་རྒྱལ་སྤྱིའི་ཨང་སྒྲིག་མེད་པའི་སམ་བྷོ་ཊ་དང་པཎྜིཏ། དོན་ཡོད་བཅས་དང༌། རྒྱལ་སྤྱིའི་ཨང་སྒྲིག་ཕྱེད་ཙམ་ཚང་བའི་ཧྥང་ཀྲིན་བཅས་ཀྱིས་བོད་ཡིག་དྲ་རྒྱའི་ཁྱབ་སྤེལ་ལས་དོན་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་བྱས་རྗེས་ཚད་ངེས་ཅན་ཞིག་བཞག་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ནས་བལྟས་ན། ད་ལྟ་དང་མ་འོངས་པའི་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་དང་ཡེ་ནས་མི་འཚམ།

Vistaའགྲེམ་སྤེལ་བྱས་པ་དེསHimalaya ཡིག་གཟུགས་ཁྱབ་གདལ་དུ་གཏོང་བར་རྒྱལ་སྤྱི་རང་བཞིན་གྱི་འཕེལ་རྒྱས་ཁ་ཕྱོགས་དང་བསྟུན་པས། Windowsབཀོལ་སྤྱོད་རྒྱུད་ཁོངས་སྔ་མོ་ནས་བཟུང་ཁྱབ་གདལ་དང་རིམ་པ་ཇེ་མཐོར་སོང་ཞིང༌། VistaདངHimalayaཡིག་གཟུགས་གཉིས་ཀ་ལྡན་ཡོད་པས། བོད་ཡིག་གི་དྲ་རྒྱའི་སྟེང་བརྗེ་རེས་བྱེད་པར་གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་འབྱུང་ཐུབ་ལ། མི་ཤུགས་དང་དངོས་ཤུགས་བཏང་བར་ཡང་ཕན་འབྲས་ཚད་མཐོན་པོ་འབྱུང་ཐུབ།

Himalayaཡིག་གཟུགས་ཀྱིསUnicodeཡི་ཨང་སྒྲིག་སྤྱད་ཡོད་ལ། ISOརྒྱལ་སྤྱིའི་ཨང་སྒྲིག་གིས་གཏན་འཁེལ་བྱས་བའིISO010646ཚད་གཞི་དང་ཡང་མཐུན་ཡོད། Unicodeནི་རྒྱལ་སྤྱིའི་ནང་དར་ཁྱབ་ཆེ་བའི་རྩིས་འཁོར་གྱི་ཡིག་འབྲུའི་ཨང་སྒྲིག་ལག་རྩལ་ཞིག་ཡིན་ལ། དེས་སྐད་རིགས་སོ་སོའི་ཁྲོད་ཀྱི་ཡིག་འབྲུ་རེར་གཅིག་གྱུར་ཡིན་ཞིང་གཉིས་འགྲིལ་ལུགས་ཀྱི་ཨང་སྒྲིག་ཉག་གཅིག་གཏན་འཁེལ་བྱས་ཡོད་པ་མ་ཟད། རང་སྐད་རིགས་དང་ལས་སྟེགས་ལས་བརྒལ་བའི་ཡིག་ཆ་བརྗེ་སྒྱུར་དང་སྒྲིག་གཅོད་བྱེད་པའི་དགོས་མཁོ་བསྐང་ཡོད། Himalayaཡིག་གཟུགས་དེUnicodeདང་ཟུང་འབྲེལ་བྱས་པ་ནི་རང་རྒྱལ་གྱིས་བཏོན་པའི་འཆར་འགོད་ལ་གཞིགས་ཏེ་ཕྲ་མཉེན་ཀུང་ཟིས(Microsoft)གསར་སྤེལ་དང་ཁྱབ་གདལ་དུ་བཏང་ཞིང༌། རང་རྒྱལ་གྱིས་རྒྱལ་སྤྱིའི་དྲ་རྒྱའི་ལས་རིགས་ཁྲོད་རིག་གནས་ཐོན་ཁུངས་སྲུང་སྐྱོང་བྱས་པའི་ཐོན་རྫས་གལ་ཆེན་ཞིག་ཡིན།

མིག་སྔར་རང་རྒྱལ་གྱི་ས་གནས་སོ་སོ་རུ་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པའི་བོད་ཡིག་དྲ་བ་སྐོར་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད།བོད་ཡིག་དྲ་བའི་སྨྱན་བྱེད་མང་པོ་ཞིག་ཀྱང་གསར་དུ་འཛུགས་བཞིན་ཡོད། དེར་བརྟེན། ཚད་གཞི་གཅིག་གྱུར་དང་ཐོན་རྫས་ཕུལ་བྱུང་ཅན་འདེམས་རྒྱུ་ནི་དྲ་རྒྱའི་རྒྱང་བསྒྲགས་ལས་རིགས་ཀྱི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་དང༌། སྨྱན་བྱེད་གསར་རྙིང་གཉིས་ཀྱིས་ངེས་པར་ཏུ་གདམ་གསེས་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། བོད་ཡིག་དྲ་བའི་ཆ་འཕྲིན་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་ཆེད། ང་ཚོས་སྨྱན་བྱེད་གསར་བ་འཛུགས་པ་དང་ཐོན་རྗས་ཉོ་སྒྲུབ་བྱེད་དུསUnicodeཡི་ཨང་སྒྲིག་གིHimalayaཡིག་གཟུགས་བཀོལ་དགོས་པའི་གྲོས་གཞི་འདི་བཏོན་པ་ཡིན།།

གྲོས་གཞི་འདོན་མཁན། བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བ། བོད་ཀྱི་སྐད་ཡིག་དྲ་བ། མཆོད་མེ་དྲ་བ་བཅས་ཡིན།

“རྒྱལ་སྤྱིའི་ཨང་སྒྲིག་ཅན་གྱི་ཧི་མ་ལ་ཡའི་ཡིག་གཟུགས་དང་གཏག་ཆས་ཁྱབ་གདལ་དུ་གཏོང་བའི་སྐོར་གྱི་གྲོས་གཞི།” དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།