བོད་ཡིག་གི་རྒྱལ་སྤྱི་ཅན་གྱི་ཁོངས་མིང་ཚད་གཞི་བཟོ་བའི་ཆེད་མཁས་པའི་དཔྱད་གླེང་ཚོཊ་འདུ་པེ་ཅིང་ནས་བསྡུས་པ།

སྤྱི་ལོ2016ལོའི་ཟླ5པའི་ཚེས13ཉིན་ཀྲུང་གོའི་དྲ་འབྲེལ་མཐུན་ཚོགས་ཀྱི་སྲིད་ཇུས་དང་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་སྣེ་ཁྲིད་ནས་བོད་ཡིག་གི་རྒྱལ་སྤྱི་ཅན་གྱི་ཁོངས་མིང་ཚད་གཞི་བཟོ་བའི་ཆེད་མཁས་པའི་དཔྱད་གླེང་ཚོགས་འདུ་པེ་ཅིང་ནས་བསྡུས་ཡོད་ལ། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུའུ་དང་། རྒྱལ་ཁབ་རྩིས་འཕྲུལ་དྲ་བའི་དོད་དྲག་ལག་རྩལ་ཐག་གཅོད་དང་སྙོམས་སྒྲིག་ལྟེ་བ། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུའུ། ཀྲུང་གོའི་ཚན་རིག་གླིང་གི་རྩིས་འཕྲུལ་གྱི་དྲ་བ་དང་ཆ་འཕྲིན་ལྟེ་བ། ཀྲུང་གོའི་ཚན་རིག་གླིང་གི་མཉེན་ཆས་སོའོ། སྤྱི་ཚོགས་ཞིབ་འཇུག་གླིང་གི་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་སོའོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། དྲ་འབྲེལ་ཁུངས་མིང་མ་ལག་གི་པེ་ཅིང་གྲོང་ཁྱེར་གྱི་བཟོ་སྐྲུན་ཞིབ་འཇུག་ལྟེ་བ། ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་སྡེ་ཁག་བཅུ་གཅིག་གི་ཆེད་མཁས་པ་བཅོ་བརྒྱད་ཚོགས་འདུ་ལ་ཞུགས་ཡོད།

ཁོངས་མིང་།
ཁོངས་མིང་།

རྒྱལ་སྤྱི་ཅན་གྱི་ཁོངས་མིང(འདི་ལ་སྐད་རིགས་མང་པོའི་ཁོངས་མིང་ཡང་ཟེར)ནི་དབྱིན་ཡིག་ལས་གཞན་པའི་རྒྱལ་ཁབ་དང་ས་ཁུལ་གྱིས་རང་གི་རྒྱལ་ཁབ་དང་རང་གི་ས་ཁོངས་ཀྱི་སྐད་ཆའི་ཁོངས་མིང་མ་ལག་ཁྱབ་སྤེལ་བྱེད་པའི་སྤྱི་མིང་ཞིག་ཡིན་ལ། དཔེར་ན་རྒྱ་ཡིག་ཚུད་ཡོད་པའི་ཁོངས་མིང་ལ་རྒྱ་ཡིག་གི་ཁུངས་མིང་དང་། ཁོ་རེ་ཡའི་ཡི་གེ་ཚུད་ཡོད་པའི་ཁོངས་མིང་ལ་ཁོ་རེ་ཡའི་ཡི་གེའི་ཁོངས་མིང་ཟེར་བ་ཡིན། མིག་སྔར་དྲ་འབྲེལ་གྱི་མིང་དང་ཨང་ཀིའི་ས་གནས་བགོ་འགྲེམ་སྡེ་ཁག(འདིའི་བསྡུས་མིང་ལ ICANN ཟེར)གིས་རྒྱ་ཡིག་དང་ཨ་རབ་ཀྱི་ཡི་གེ། ཨར་མེ་ནི་ཡའི་ཡི་གེ་སོགས་ཡིག་རིགས་མི་འདྲ་བ་ཉེར་གཉིས་ཀྱི་རྒྱལ་སྤྱི་ཅན་གྱི་ཁོངས་མིང་ལ་ཆོག་མཆན་བཀོད་ཡོད་ཅིང་། ད་དུང་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གིས་རྒྱལ་སྤྱི་ཅན་གྱི་ཁོངས་མིང་ལ་རེ་བ་ཞུ་བཞིན་ཡོད། 2015ལོའི་སྟོད་ལ་འབྲུག་གཞུང་དང་རང་རྒྱལ་གཉིས་ཀྱིས ICANN ལ་བོད་ཡིག་གི་རྒྱལ་སྤྱི་ཅན་གྱི་ཁོངས་མིང་གི་ལས་ཀའི་ཁྱབ་ཁོངས་ལ་འཇུག་པར་རེ་བ་ཞུས་ཡོད།

ཆེད་མཁས་པའི་དཔྱད་གླེང་གྲོས་ཚོགས་འདིའི་སྐབས་སུ་བོད་ཡིག་གི་རྒྱལ་སྤྱི་ཅན་གྱི་ཁོངས་མིང་ཚད་གཞི་བཟོ་བའི་ལས་དོན་ཁྲོད་དུ་འཕྲད་པའི་བོད་སྐད་ཡིག་དང་། བོད་ཡིག་གི་ཨང་སྒྲིག་ལག་རྩལ། བོད་ཡིག་གི་ཆ་འཕྲིན་ཐག་གཅོད་ལག་རྩལ། ཁོངས་མིང་ལག་རྩལ། རྒྱལ་སྤྱིའི་རང་བཞིན་གྱི་ཁོངས་མིང་ཚད་གཞི། བོད་ཡིག་གི་ཁོངས་མིང་བེད་སྤྱོད་སོགས་གནད་དོན་དང་དཀའ་གནད་མང་པོ་ཞིག་གི་སྐོར་ནས་བགྲོ་གླེང་བྱས་ཡོད་ཅིང་། ཚོགས་ཞུགས་ཆེད་མཁས་པ་ཀུན་གྱིས་བོད་ཡིག་གི་རྒྱལ་སྤྱི་ཅན་གྱི་ཁོངས་མིང་གི་ལས་ཀ་འདི་ནི་དྲ་འབྲེལ་གྱི་བོད་ཡིག་ལས་དོན་ཁྱབ་སྤེལ་དང་བོད་སྐད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་ཡོད་པར་ངོས་འཛིན་བཞིན་ཡོད་ལ། ཀྲུང་གོའི་དྲ་འབྲེལ་མཐུན་ཚོགས་ཀྱིས་ལས་རིགས་ཀྱི་མགོ་ཁྲིད་སྡེ་ཁག་གི་མཛུབ་སྟོན་བཞིན་རང་རྒྱལ་གྱི་བོད་ཡིག་སྡེ་ཁག་དང་ཁོངས་མིང་ལས་རིགས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ནས ICANN དང་བོད་ཡིག་ལས་དོན་ཚན་ཆུང་གི (TSGP)  ལ་ཧུར་ཐག་གིས་ཞུགས་སྟེ། རྒྱལ་སྤྱིའི་དྲ་འབྲེལ་འདུས་ཚོགས་དང་མཉམ་དུ་ལས་དོན་འདི་ལེགས་པར་འགྲུབ་པར་སྐུལ་འདེད་གཏོང་བའི་གྲོས་གཞི་བཏོན་ཡོད། (ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། དབང་མོས་བསྒྱུར།)

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།