བོད་རྒྱ་ཚིག་མཛོད་དངོས་སུ་འགྲེམ་སྤེལ་བྱས་པ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་གྱིས་བསྒྲུབས་པའི་བོད་རྒྱ་ཚིག་མཛོད་མཉེན་ཆས་འདི་ཉིད། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༢༦ ཉིན། ཐའེ་པེ་གྲོང་ཁྱེར་དུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་དངོས་སུ་འགྲེམ་སྤེལ་གྱི་མཛད་སྒོ་བསྐོང་འཚོགས་བྱས། ཚོགས་ཐོག་ཏུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་གཙོའི་ལས་བྱེད་དང་ཚོགས་མི། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ། ཐའེ་ཝན་དུ་གནས་བཞུགས་བླ་སྤྲུལ་མཁན་པོ་དང་དགེ་བཤེས་གྲྭ་བཙུན་བཅས་མཉམ་བཞུགས་གནང་ཡོད།

བོད་རྒྱ་ཚིག་མཛོད་མཉེན་ཆས།

བརྡ་འཕྲིན་གྱི་དུས་རབས་འདིར་ཤེས་ཡོན་དང་འབྲེལ་བའི་ལས་རིགས་ཡོངས་འཕྲུལ་ལས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད། དེར་བརྟེན་དེང་སང་སྐད་ཡིག་འདྲ་མིན་འཕྲུལ་ལས་ཁྲོད་བཀོལ་སྤྱོད་སྟབས་བདེ་དང་། ཡར་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་ནའང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་ཧ་ཅང་ཉུང་།

བོད་རྒྱ་ཚིག་མཛོད་ནི་རིག་གཞུང་ནང་འདྲེན་དང་ཁྱབ་སྤེལ་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན། དེང་སང་འཕྲུལ་ལས་ཁྲོད་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྐད་གཉིས་ཚིག་མཛོད་ཧ་ཅང་ཉུང་བའི་སྟོང་ཆ་ཆེན་པོ་ལྷག་ཡོད་པར་མ་ཟད། ད་བར་དེའི་ཐད་ལ་དམིགས་སུ་ཐོན་པའི་ལས་འགུལ་སྤེལ་བ་དེ་བས་ཉུང་། དེར་བརྟེན་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་རྒྱ་ཚིག་མཛོད་འདིར་མ་ཚིག་ལྔ་ཁྲི་ལྷག་ཅིག་བསྡུ་སྒྲིག་གིས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་རིན་མེད་འགྲེམ་སྤེལ་བྱས་ཡོད།

མཉེན་ཆས་ངོ་སྤྲོད་གནང་བཞིན་པའི་ཚུལ།

ཚིག་མཛོད་འདིའི་རྒྱུ་ཆ་གཙོ་བོ་ནི་བོད་ཡིག་ཚིག་མཛོད་གསར་མ་གཙོར་བཟུང་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་བཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ནང་ཚན་གྱི་བོད་རྒྱ་སྐད་གཉི ས་ཁ་སྣོན་བྱས་ཡོད། ད་དུང་སྐད་ལྔ་ཤན་སྦྱར་གྱི་ཚིག་མཛོད་ནང་གི་བོད་རྒྱ་གཉིས་ཀྱི་ཐ་སྙད་ཆ་ཚང་ཁ་སྣོན་བྱས་ཡོད། འདིར་ད་དུང་འཐུས་སྒོ་མ་ཚང་བ་དང་ ། ཡིག་ནོར་སོགས་མང་དག་ཅིག་ལྷག་ཡོད་ངེས་མོད། རིམ་གྱིས་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་འཆར་ཡོད། ཚིག་མཛོད་འདིའི་མ་ཚིག་དང་འགྲེལ་ཚིག་གཉིས་ཀ་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞི བ་འཇུག་ཁང་གཉིས་ཀྱི་ལྟ་བ་ཡིན་པའི་ངེས་པ་མེད།

ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། གློག་ཀླད་དང་ཁ་པར་ནང་བཀོལ་སྤྱོ ད་བདེ་བའི་བོད་རྒྱ་སྐད་གཉིས་ཚིག་མཛོད་བཟོས་ཏེ། ཆོས་དང་རིག་གནས་སློབ་གཉེར། ཡིག་སྒྱུར། ཞིབ་འཇུག་སོགས་དར་སྤེལ་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་དེ་ཡིན།

མཉེན་ཆས་འདི་ནི། ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རིན་མེད་མཉེན་ཆས་ཤིག་ཡིན།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།