ཀུ་ཤུའི་གློག་ཀླད་བེད་སྤྱོད་གཏོང་བའི་ཐད་ཀྱི་རྒྱུན་ཤེས་འགའ།

དེང་སང་ཀུ་ཤུའི་གློག་ཀླད་བེད་སྤྱོད་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ལྷག་པར་ཏུ་བོད་རིགས་མི་དམངས་ཀྱི་ཁྲོད་དུ་ཁྱབ་བརྡལ་ཆེན་པོ་འགྲོ་བཞིན་ཡོད། ཉིན་ཤས་སྔོན་ལ་གྲོགས་པོ་ཞིག་གིས་ཀུ་ཤུའི་གློག་ཀླད་གསར་བ་ཞིག་ཉོས་ཡོད་པ་དང་། ཁོང་གིས་ཀུ་ཤུའི་གློག་ཀླད་བཀོལ་བ་ཐེངས་དང་པོ་ཡིན་སྟབས། བེད་སྤྱོད་གཏོང་བའི་བརྒྱུད་རིམ་ཁྲོད་ནས་དཀའ་ངལ་ཁ་ཤས་ལ་འཕྲད་པ་རེད། འདིར་དྲི་བ་དྲིས་ལན་གྱི་རྣམ་པས་དེ་དག་ཕྱོགས་སྡོམ་གྱི་ཚུལ་དུ་རྒྱ་ཆེའི་བེད་སྤྱོད་གཏོང་མཁན་རྣམས་ལ་ངོ་སྤྲོད་ཞུ་གི་ཡིན།

དྲི་བ། ཀུ་ཤུའི་གློག་ཀླད་ཁྲོད་དུ་ཧི་མ་ལ་ཡ་བོད་ཡིག་ཡོད་དམ།

མང་ཆེ་བའི་སེམས་ལ་ཧི་མ་ལ་ཡ་བོད་ཡིག་གཏག་ཐབས་ནི་ཚད་ལྡན་གྱི་བོད་ཡིག་གཏག་ཐབས་ཤིག་ཡིན་པར་སྙམ་གི་ཡོད་པ་རེད། དེ་ནི་ལོས་ཡིན་ཏེ། ཧི་མ་ལ་ཡ་བོད་ཡིག་གཏག་ཐབས་ནི་རྒྱལ་སྤྱིའི་ཚད་ལྡན་གྱི་གཅིག་གྱུར་ཨང་སྒྲིག་གཞིར་བཟུང་ནས་བཟོས་པའི་བོད་ཡིག་གི་གཏག་ཐབས་ཤིག་ཡིན་ལ། དེང་སྐབས་སྐར་ཁུང་མ་ལག (Windows) ཁྲོད་དུ་འདུས་གྲུབ་བྱས་ཡོད་པས་ཁྱབ་རྒྱ་ཤིན་ཏུ་ཆེན་པོ་རེད།

ཡིན་ཡང་སྐར་ཁུང་མ་ལག་ཕུད་པའི་ཀུ་ཤུའི་མ་ལག་སོགས་ལ་མཚོན་ན་ངེས་པར་ཏུ་ཧི་མ་ལ་ཡ་བོད་ཡིག་གཏག་ཐབས་དགོས་པར་སྙམ་པ་ནི་ནོར་འཁྲུལ་ཞིག་ཡིན།

ཡིན་རྒྱུ་ནི་ཀུ་ཤུའི་མ་ལག་ལ་མཚོན་ན་མ་ལག་རང་སྟེང་ན་བོད་ཡིག་གི་གཏག་ཐབས་སྣ་ཁ་གསུམ་ཡོད་ལ་བོད་ཡིག་གི་ཡིག་གཟུགས་ཀྱང་སྣ་ཁ་གཉིས་འདུས་གྲུབ་བྱས་ཡོད་པ་རེད། མ་ཟད་དེ་དག་ཀྱང་རྒྱལ་སྤྱིའི་ཚད་ལྡན་གྱི་གཅིག་གྱུར་ཨང་སྒྲིག་གཞིར་བཟུང་ནས་བཟོས་པ་ཤ་སྟག་ཡིན་སྟབས། ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ཕན་ཚུན་འཆམ་མཐུན་ཡིན་པ་རེད།

གལ་ཏེ་ཁྱེད་རང་གིས་གཏག་ཐབས་གསར་པ་དེར་སློབ་འདོད་མེད་པའམ་ཡང་ན་ངེས་པར་ཏུ་ཧི་མ་ལ་ཡ་གཏག་ཐབས་དགོས་ཟེར་ན། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་ཕབ་ལེན་ལེ་ཚན་ལ་བསྐྱོད་དང་ཁྱེད་རང་གི་འདོད་པ་ཚིམས་ཀྱི་རེད།

དྲི་བ། ཀུ་ཤུའི་གློག་ཀླད་ནང་ལ་ཝོར་ཌི (Microsoft Word) ཟེར་ཡ་སྒྲིག་འཇུག་བྱེད་དགོས་ཀྱི་རེད་དམ།

སྤྱིར་བཏང་སྐར་ཁུང་མ་ལག་ཁྲོད་དུ་རྩོམ་ཡིག་སོགས་ཡི་གེ་འབྲི་དུས་སུ་ཕལ་ཆེ་བས་ཝོར་ཌི་ཟེར་ཡ་དེ་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་རེད། ཡིན་ན་ཡང་ཀུ་ཤུའི་གློག་ཀླད་ནང་དུ་ཝོར་ཌི་དང་ཤིན་ཏུ་ཆ་འདྲ་བའི་མཉེན་ཆས་ཤིག་ཡོད་པ་དེའི་མིང་ལ Pages འབོད་པ་རེད། བཀོལ་སྤྱོད་བྱེད་སྟངས་སོགས་ཐད་ནས་མི་འདྲ་བ་དེ་ཙམ་མེད་སྟབས་ཀུ་ཤུའི་ནང་དུ་མཉེན་ཆས་དེ་སྤྱད་ན་ལེགས་པར་འདོད།

ཀུ་ཤུའི App Store ཚོང་རའི་ཁྲོད་ཀྱི Pages ཡི་འཆར་ངོས་དཔེ་རིས།

དེ་བཞིན། སྐར་ཁུང་དང་ཀུ་ཤུའི་མ་ལག་གཉིས་སོ་སོའི་ཁྲོད་དུ་ཆ་འདྲ་བའི་མཉེན་ཆས་ནི།

Pages ནི Microsoft Word དང་འདྲ་བོ་ཡོད།
Keynote ནི Microsoft PowerPoint དང་འདྲ་བོ་ཡོད།
Numbers ནི Microsoft Excel དང་འདྲ་བོ་ཡོད།

གོང་གི་དེ་དག་ཕན་ཚུན་ཆ་འདྲ་བ་ཡིན་པས། མཉེན་ཆས་གཞན་དག་སྒྲིག་འཇུག་བྱེད་པའི་ངལ་བ་མ་མཆིས་མོད། ངེས་པར་ཏུ་སྒྲིག་འཇུག་བྱེད་ཀྱི་ཡིན་ཚེ་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་ཕབ་ལེན་ལེ་ཚན་དུ Microsoft Office 2016 for Mac (15.32) ཀུ་ཤུའི་གློག་ཀླད་པར་མ་ཕབ་ལེན་བྱེད་རྒྱུ་ཡོད།

དྲི་བ། ཀུ་ཤུའི་གློག་ཀླད་ནང་དུ་ཝོར་ཌི་ནང་ལ་བོད་ཡིག་ཡག་པོ་འཆར་གི་མི་འདུག་པས་དེར་ཐབས་ཤེས་ཡོད་དམ།

དེ་ནི་ཕལ་ཆེར་ཁྱེད་རང་གི་ཝོར་ཌི་ཐོན་རིམ་མ་འགྲིག་པ་ཡིན་གྱི་རེད་སྙམ། གནད་དོན་འདིའི་རིགས་ལ་འཕྲད་མཁན་ཡང་ཤིན་ཏུ་མང་པས། ཆེད་དུ་ཚོད་ལྟ་བྱས་པ་བརྒྱུད་ཤེས་གསལ་བྱུང་བ་ནི། གནད་དོན་དེ་སེལ་དགོས་ཚེ། ཐོག་མར་ཁྱེད་རང་གི་གློག་ཀླད་ཁྲོད་ཀྱི་སྒྲིག་འཇུག་བྱས་ཟིན་པའི Microsoft Office མཉེན་ཆས་ཆ་ཚང་སུབ་དགོས་པ་དང་། སུབ་པའི་གོ་རིམ་ཅུང་ཙམ་རྙོག་དྲ་ཆེ་བས་གཞུང་ཕྱོགས་ཀྱི་ཡིག་ཚགས་འདིར་གཟིགས་རྒྱུ་གལ་ཆེ།

དབྱིན་ཡིག་གི་གསལ་བཤད་ཡིག་ཚགས། https://support.office.com/en-us/article/uninstall-office-for-mac-eefa1199-5b58-43af-8a3d-b73dc1a8cae3
རྒྱ་ཡིག་གི་གསལ་བཤད་ཡིག་ཚགས། https://support.office.com/zh-cn/article/卸载-office-for-mac-eefa1199-5b58-43af-8a3d-b73dc1a8cae3

ཡོངས་སུ་སུབ་ཚར་རྗེས་གོང་དུ་བརྗོད་པའི་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་ཕབ་ལེན་ལེ་ཚན་དུ Microsoft Office 2016 for Mac (15.32) ཀུ་ཤུའི་གློག་ཀླད་པར་མ་ཕབ་ལེན་བྱེད་རྒྱུ་ཡོད། ཐོན་རིམ་འདིའི་ནང་དུ་བོད་ཡིག་ཡག་པོ་འཆར་ཐུབ་པའི་ཡིད་ཆེས་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།