ཉེ་ཆར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཤེས་གསལ་བྱུང་བ་ལྟར་ན། སྤྱི་ལོ་ 2018 ལོའི་ཟླ་ 12 ཚེས་ 22 ཉིན་གྷོ་གྷེལ་ Google ཡིས་སྐད་གྲགས་ཅན་གྱི་ཐོན་ཁུངས་སྒོ་ཕྱེ་བའི་དྲ་ཚིགས་ GitHub སྟེང་དུ་ Noto ཁྱིམ་རྒྱུད་ཀྱི་ཡིག་གཟུགས་བརྒྱ་དང་ལྔ་བཅུ་ལྷག་གསར་དུ་འགྲེམས་སྤེལ་བྱས་འདུག་ལ་དེའི་ནང་དུ་བོད་ཡིག་གི་ཡིག་གཟུགས་རིགས་ཤིག་འདུས་ཡོད་པ་ནི་ Noto Serif Tibetan ཅེས་པ་དེ་རེད།
དེ་སྔོན་སྤྱི་ལོ 2015 ལོའི་ཟླ་ 9 ཚེས་ 26 ཉིན་གྷོ་གྷེལ་ Google ཡིས་བོད་ཡིག་གི་ཡིག་གཟུགས་ Noto Sans Tibetan ཅེས་པ་དེ་འགྲེམས་སྤེལ་བྱས་ཤིང་། ད་ལྟའི་ཆར་གྷོ་གྷེལ་ Google ཡིས་གཞུང་ཕྱོགས་ཀྱི་དྲ་ཚིགས་སུ་རིན་མེད་མཁོ་སྤྲོད་བྱེད་པ་མ་ཟད། དྲ་ངོས་སུ་བེད་སྤྱོད་གཏོང་ཆོག་པའི་ཡིག་གཟུགས་ WebFont ཡི་ཚབ་ཨང་དང་བཅས་པ་ཡང་མཉམ་སྤྱོད་གནང་ཡོད་པ་རེད།
ད་ཐེངས་འགྲེམས་སྤེལ་བྱས་པའི་ཡིག་གཟུགས་འདི་ནི་ལྕགས་པར་གྱི་ཡིག་གཟུགས་ Serif ཡི་ཁོངས་སུ་གཏོགས་པ་དང་། རིགས་གྲས་ཀྱི་ཆ་ནས་ OpenType དང་ TrueType རྣམ་གཞག་རིགས་གཉིས་འདུག་ལ། ཡིག་ལྗིད་ (Weight) ལ་རྒྱལ་སྤྱིའི་ཚད་གཞི་ ISO ཡིས་གཏན་འཁེལ་བྱས་པ་ལྟར་སྤྱིར་བཏང་དང་ཤ་ཆེན། ཤིན་ཏུ་ཤ་ཆེན། ཕྲ་བ་དང་ཤིན་ཏུ་ཕྲ་བ་སོགས་རིགས་དགུ་བཀར་འདུག་པས་འདི་ནི་དེང་རབས་འཕྲུལ་རིག་ལོ་རྒྱུས་ཁྲོད་དུ་བོད་ཡིག་གི་ཐོལ་བརྒལ་ཆེན་པོ་ཞིག་ཡིན་པ་མ་ཟད་བོད་ཡིག་གི་ཡིག་ལྗིད་ལ་ལམ་སྲོལ་གསར་བ་ཞིག་གཏོད་པ་རེད།
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཡིག་གཟུགས་ Noto Serif Tibetan ཕབ་ལེན་དང་ཚོད་ལྟ་བྱས་པ་བརྒྱུད། ཡིག་ཚུགས་ཀྱི་ཆ་ནས་དེ་སྔའི་ Noto Sans Tibetan ཡིག་གཟུགས་དང་ཤིན་ཏུ་ཆ་འདྲ་བ་ཞིག་ཡིན་པ་དང་། ཁྱད་ཆོས་གཙོ་བོ་ནི་ OpenType རྣམ་གཞག་མཁོ་སྤྲོད་བྱེད་པ་དང་ཡིག་ལྗིད་སྣ་དགུ་ལ་དབྱེ་འདུག་པ་དེ་ནི་གཤམ་གྱི་དཔེ་རིས་ལྟར།









གཞན་ཡང་། OpenType རྣམ་གཞག་ཅན་གྱི་ཡིག་གཟུགས་ནི་དེང་རབས་ཀྱི་འཕྲུལ་རིག་ཁྲོད་དུ་དར་ཁྱབ་ཆེན་པོ་ཡིན་ལ། Microsoft དང་ Adobe སོགས་ཀྱིས་མཚོན་པའི་འཛམ་གླིང་ཐོག་གི་སྙན་གྲགས་ཆེ་ཤོས་ཀྱི་སྤྱི་གཉེར་ཁང་དག་གིས་ཀྱང་ TrueType རྣམ་གཞག་ཅན་དོར་ཏེ་ OpenType རྣམ་གཞག་ཅན་སྤྱོད་པར་མོས་པ་རེད། ཡིན་ན་ཡང་བོད་ཡིག་གི་ཡིག་གཟུགས་ཁྲོད་དུ་ OpenType རྣམ་གཞག་ཅན་གྱི་ཡིག་གཟུགས་ཤིན་ཏུ་དཀོན་པོ་ཡིན་པ་དང་། Noto Serif Tibetan ནི་ད་གཟོད་ OpenType རྣམ་གཞག་ཅན་གྱི་བོད་ཡིག་གི་ཡིག་གཟུགས་དེ་ཆགས་ཡོད་པ་རེད།
OpenType(unhinted) རྣམ་གཞག་ཅན་ཕབ་ལེན། TrueType(unhinted) རྣམ་གཞག་ཅན་ཕབ་ལེན།
ཡིག་གཟུགས་འདི་ནི་སྒེའུ་ཁུང་དང་ཀུ་ཤུའི་མ་ལག་སོགས་གང་རུང་ནང་དུ་འཆམ་མཐུན་ཡིན་པ་དང་། ཡི་གེ་འབྲི་ཆས Word དང་ Pages སོགས་ཀྱི་ཁྲོད་དུ་ཡང་འཆམ་མཐུན་ཡིན་པ་རེད།
“ཡིག་གཟུགས་ Noto Serif Tibetan འགྲེམས་སྤེལ་བྱས་པའི་གནས་ཚུལ།” ལ་ལན 19 སློག་འདུག
དཔྱད་མཆན་ཁྲོད་དུ་ངེས་པར་ཏུ་བོད་ཡིག་འདུས་དགོས། Tashi Delek
དངོས་གནས་ཡག་པོ་འདུག་་་་ཁྱེད་རྣམས་ཀྱི་མི་རིགས་ཆེད་དུ་སྐུ་ལས་སྐྱོན་པར་བཀའ་དྲིན་ཆེ་་་་་གུས་པ་ལ་ཡང་ཡིག་གཟུགས་དེ་འདྲ་དགོས་པ་ཆེན་པོ་འདུག
micorsoft office 2013ལ་ཡག་པོ་འཆར་མི་ཐུབ་འདུག་ལགས།
དྲ་ཚིགས་འདི་ནི་ངའི་དགའ་ཤོས་ཀྱི་བོད་ཡིག་བརྡ་འཕྲིན་དྲ་ཚིགས་འདི་ཡིན། ཁྱེད་ཚོའི་ཕྱག་ལས་ལ་རྗེས་སུ་ཡི་རངས་ཞུ།
ཡིག་གཟུགས་འདི་ཧི་མ་ལ་ཡའི་ཡིག་གཟུགས་དང་བསྡུར་ན་དེ་ཙམ་མཛེས་པོ་མི་འདུག འོན་ཀྱང་མ་འོངས་པར་སྤྱོད་སྒོ་ཆེན་པོ་ཡོད་ན་ཡིག་གཟུགས་འབྲི་མཁན་ནས་འདི་ལས་ཆ་སྙོམས་པའི་ཡིག་གཟུགས་འཆར་འགོད་ཡོད་པ་ཞུ། གང་ལྟར་ཡིག་གཟུགས་འབྲི་མཁན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་ཀྱིས་བོད་ཀྱི་བརྡ་འཕྲིན་ཐད་མཛད་རྗེས་བཞག་པར་སྙིང་ཐག་པ་ནས་དད་གུས་ཡོད།
ཡིག་གཟུགས་འདི་ནི་སྤྱོད་སྒོ་ཆེ། དེ་བས་ཀྱང་འཆར་འགོད་པ་ཞིག་ལ་ངེས་པར་མཁོ་བའི་ཡིག་གཟུགས་དེ་འདྲ་རེད་འདུག
བོད་སྐད་ཡིག་གིས་ཁྱེད་ཚང་གི་བཀའ་དྲིན་བརྗེད་ཐབས་མེད།རིང་ནས་རིང་དུ་མུ་མཐུད་དུ་འབད་པ་བྱེད་པར་གལ།ཡིག་གཟུགས་ངོ་མ་ཡག་པོ་འདུག
ཡིག་གཟུགས་འདི་ཉིད་word2010ནང་དུ་རྣམ་པ་ཡག་པོ་འཆར་མི་ཐུབ་པ་ཅི།
Wordནང་གོང་གི་ཡིག་གཟུགས་དེ་true དང་open་གཉིས་ཀ་འཆར་ཐུབ་ཀྱིན་མི་འདུག ངའི་Word 2003ཡིན་པ་སྐྱོན་པ་རེད་དམ། Word་ནང་ཡིག་གཟུགས་འདི་འཆར་ཐབས་ཡོད་དམ། དཀའ་དྲིན་ཆེ།
དེ་ནི་ཕལ་ཆེར་ཁྱེད་རང་གི Word ཐོན་རིམ་དམའ་དྲགས་པས་ཡིན་པ་འདྲ། ཐོན་རིམ་གསར་ཤོས་ཁྲོད་དུ་ཡིག་གཟུགས་མིང་ལ་ Noto Serif Tibetan དེ་འདྲ་འདེམས་རྒྱུ་ཡོད་འདུག
མི་ཚོས་བཟོས་ནས་སྤྱོད་ཆོག་ཆོག་ཡོད་པ་དེ་ཚོ་ཁྱོད་ཚོས་སྤྱོད་མི་ཤེས་ན་དཔེ་རེད།
མཉེན་ཆས་དེ་དག་གི་མིང་མཐར་ 2003 ཡང་ན་ 2010 ལ་སོགས་པ་དེ་དག་ནི་ལོ་རབ་དེ་དག་གི་ནང་དུ་བཟོས་པ་རེད། ད་ལྟ་ 2019 ནང་སླེབས་ཚར་རེད། ཁྱོད་རང་ཚོ་ད་དུང་ཡང་ 2003 ལ་ལྷག་སྡོད་ཡོད་ན་ཐབས་ཤེས་ཡོད་མ་རེད།
དེ་ལས་ལག་བྲིས་རྒྱག་ན་དཀའ་ངལ་དེ་ཚོ་གང་ཡང་ཡོད་མ་རེད། ཧཧཧཧ
སྐུ་རྩེད་ཞུས་པ་ཡིན། ཡིན་ནའང་ཁྱོད་ཀྱིས་རང་གི་ཀླད་པ་དང་གློག་ཀླད་ཀྱི་མཉེན་ཆས་དེ་དག་ལོ་རེ་ནས་གསར་བསྒྱུར་དང་རིམ་སྤར་གནང་རྒྱུ་གལ་ཆེན་པོ་རེད།
ཡིག་གཟུགས་ཁྲོད་ནས་TrueType རྣམ་གཞག་ཅན་དང་། OpenType རྣམ་བཞག་ཅན་གཉིས་ལ་ཁྱད་པར་གང་དག་ཡོད་པ་རེད་ལགས།
གོ་བདེ་བར་བཤད་ན། OpenType རྣམ་གཞག་ཅན་ནི་ཀུ་ཤུའི་མ་ལག་ནང་ལ་འཚམ་པ་དང་། TrueType རྣམ་གཞག་ཅན་ནི་སྐར་ཁུང་མ་ལག་ནང་ལ་འཚམ་པ་དེ་འདྲ་ཞིག་ཏུ་གོ་བ་ལེན་ཆོག
ལགས་སོ་བཀའ་དྲིན་ཆེ། ད་དུང་ཞུ་རྒྱུ་ཞིག་ལ་ཡིག་གཟུགས་དེ་དག་ཕབ་ལེན་བྱེད་སར་འགྲོ་དུས་གང་ཞིག་ནས་ཕབ་དགོས་པ་མི་ཤེས་འདུག་པས་དེ་ལ་ཁ་གསལ་གོ་བདེའི་ལན་ཞིག་ཞུ།
སྤྱིར་བཏང་དུ་དང་པོ་དེ་ཕབ་ལེན་བྱས་པས་འཐུས།
ལགས་སོ་བཀའ་དྲིན་ཆེ། ད་ཕབ་ཐུབ་སོང་།
གཞུང་དངོས་ཀྱི་ནང་མ་ཡིག་གི་མིང་དག་མ་བྲིས་པས་མཇུག་ཏུ་འགྱུར་མིང་ཞེས་ཟུར་དུ་མཉམ་གཅིག་ཏུ་བཀོད་ན་ལེགས། གཅིག་ནས་བོད་ཡིག་གི་ཉམས་འཛིན་པ། གཉིས་ནས་བོད་ཡིག་བཀོལ་བར་སྐུམ་མ་བྱེད་ཐུབ་པ། གསུམ་ནས་གྲལ་དག་ཅིང་ཆེད་ལས་ཅན་ཡིན་པས་སོ། །
གསལ་འདེབས་གནང་བར་ཐུགས་རྗེ་ཆེ། དེ་ལྟར་མ་ཡིག་གི་མིང་དང་འགྱུར་མིང་ཟུར་དུ་བཀོད་ཡོད།
སེམས་བསམ་པའི་སྟེང་ནས་གྷོ་གེལ་ཚང་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་།