བོད་ཡིག་གི་བཟོ་ལྟ་ཅན་གྱི་མཐུད་སྣེ་དེ WordPress གཞུང་ཕྱོགས་ཀྱི་མཐུད་སྣེའི་མཛོད་དུ་ཚུད་པ།

ཉེ་ཆར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་གསར་སྤེལ་བྱས་པའི་བོད་ཡིག་གི་བཟོ་ལྟ་ཅན་གྱི་མཐུད་སྣེ (Plugin) དེ WordPress གཞུང་ཕྱོགས་ཀྱི་མཐུད་སྣེའི་མཛོད་དུ་ཚུད་ཡོད་པ་རེད།

མཐུད་སྣེ་འདིའི་ཁྱད་ཆོས་གཙོ་བོ་ནི། WordPress དྲ་ཚིགས་ལྟག་རྒྱབ་ཏུ་སོར་བཞག་ཡིག་གཟུགས་དེ་རང་འགུལ་གྱིས “Jomolhari” ཡིག་གཟུགས་དུ་བསྒྱུར་ནས Windows ནང་གི་ཧི་མ་ལ་ཡ་ཡིག་གཟུགས་ཆུང་དྲགས་པའི་གནད་དོན་དེ་སེལ་ཐུབ་པ་དང་། དྲ་ཚིགས་ཀྱི་མདུན་སྣེའི་དཔེ་སྒྲོམ་ཡིག་གཟུགས་ལ “Jomolhari” སྤྱད་ཡོད་པ་ཞིག་ཡིན་ན་རང་འགུལ་གྱིས་དྲ་ངོས་ཡིག་གཟུགས (Google Fonts) ལ་སྦྲེལ་ནས། ཁྱེད་རང་གི་ལས་ཀའི་དུས་ཚོད་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་པ་མ་ཟད། མཐུད་སྣེ་འདི་ནི་རིན་མེད་མཉམ་སྤྱོད་ཡིན་པ་རེད།

དེ་ཡང WordPress མ་ལག་ནི་འཛམ་གླིང་ཡོངས་ཁྱབ་ཏུ་སྤྱོད་རྒྱ་ཤིན་ཏུ་ཆེ་བའི་དྲ་ཚིགས་བཟོ་སྐྲུན་དང་དོ་དམ་བྱེད་པའི་ཡོ་ཆས་ཤིག་ཡིན་པ་དང་། མ་ལག་འདིའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་སོ་སོའི་སྐད་ཡིག་བརྒྱ་ཕྲག་ལྷག་ཙམ་འདུས་ཡོད་ལ། སྤྱི་ལོ2016ལོར་བོད་ཀྱི་སྐད་ཡིག་འདི་ཉིད་ཀྱང་མ་ལག་འདིའི་ནང་དུ་ཚུད་དེ་བོད་ཀྱི་དྲ་ཚིགས་དང་དེ་མིན་གྱི་དྲ་རྒྱའི་རིག་གནས་ལ་སྟབས་བདེ་གང་ལེགས་སྐྲུན་པ་དང་ཆབས་ཅིག་གསོན་ཤུགས་ཀྱང་མི་དམན་པ་ཞིག་བསྣན་པ་རེད།

ཡིན་ནའང་། ང་ཚོས་རྒྱུན་དུ་སྤྱོད་བཞིན་པའི་སྐར་ཁུང་མ་ལག Windows མ་ལག་ཁྲོད་ཀྱི་ཧི་མ་ལ་ཡའི་ཡིག་གཟུགས་དེ་ཧ་ཅང་ཆུང་དྲགས་ལ་གནད་དོན་དེ་སྔར་བཞིན་གནས་པའི་སྟབས་ཀྱིས་བོད་ཡིག་དྲ་ཚིགས་སྣ་ཚོགས་ཀྱིས་ཡིག་གཟུགས་གཞན་པ་ཞིག་མི་སྤྱོད་ཐབས་མེད་དུ་གྱུར་བ་དང་། གཅིག་གྱུར་གྱི་ཚད་གཞི་ཞིག་མེད་སྟབས་ཅུང་ཉོག་པའི་གནས་ཚུལ་ཐོན་པ་རེད། དེང་སྐབས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆོད་པའི་དྲ་རྒྱའི་ལས་ཁུངས Google ཟེར་བ་དེས་ཁོང་ཚོའི་ཡིག་མཛོད་དུ་བོད་ཡིག་གི་ཡིག་གཟུགས་རིགས་ཤིག་བསྡུ་ལེན་བྱས་ཡོད་པ་ནི་ཇོ་མོ་ལྷ་རི་ཅེས་པའི་འབྲུག་པའི་གཞུང་ཕྱོགས་ཀྱིས་བེད་སྤྱོད་བྱེད་པའི་ཡིག་གཟུགས་དེ་ཡིན་ལ། ཆེ་ཆུང་སོགས་ཧ་ཅང་ཚད་དང་རན་པ་ཞིག་ཡིན་པའི་སྟབས་ཀྱིས་ང་ཚོས་བོད་ཡིག་གི་དྲ་ཚིགས་སྣ་ཚོགས་སུ་ཡིག་གཟུགས་འདི་བེད་སྤྱོད་གནང་ན་ཡག་པོ་འདུག་ཅེས་འོས་སྦྱོར་བྱེད་པ་ཡིན།

དེ་ལྟ་ནའང་། WordPress མ་ལག་སྤྱད་ནས་དྲ་ཚིགས་བཟོ་མཁན་ཞིག་ཡིན་ན་མ་ལག་འདིའི་ཡིག་གཟུགས་ཡོངས་སུ་ཇོ་མོ་ལྷ་རིར་བསྒྱུར་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན། མདུན་སྣེའི་དཔེ་སྒྲོམ་ངོས་ཀྱི་ཡིག་གཟུགས་དེ་ཇོ་མོ་ལྷ་རིར་བསྒྱུར་ཐུབ་པའི་དབང་དུ་བྱས་ནའང་རྒྱབ་སྣེའི་ཡིག་གཟུགས་ཡོངས་སུ་འགྱུར་བ་གཏོང་རྒྱུར་དཀའ་ཚེགས་ཤིན་ཏུ་ཆེ་བས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་གནས་ཚུལ་འདིར་དམིགས་ནས་མཐུད་སྣེ་འདི་འདྲ་ཞིག་གསར་བ་བཟོས་པ་དང་། ཉེ་བའི་ལོ་ཤས་རིང་ཚོད་ལྟ་གང་མང་བྱས་མཐར། ཐོག་མར GitHub དྲ་ཚིགས་སུ་རིན་མེད་མཉམ་སྤྱོད་བྱས་ཡོད་ལ། ཉེ་ཆར WordPress གཞུང་ཕྱོགས་ཀྱིས་ངོས་ལེན་ཐོབ་སྟེ་མཐུད་སྣེའི་མཛོད་དུ་བཞག་ཟིན་པ་དང་། སླད་མར་ཁྱེད་རང་གིས་དྲ་ཚིགས་རྒྱབ་སྣེའི་མཐུད་སྣེ་ཁ་སྣོན་གྱི་བརྙན་ཡོལ་དུ་ཐད་ཀར Tibetan Style ཅེས་བཙལ་ན་རྙེད་ཐུབ་པ་དེ་འདྲ་ཞིག་ཡིན་ལ། ནུས་སློང་བྱས་པ་ཙམ་གྱིས་ཁྱེད་རང་གི WordPress དྲ་ཚིགས་ཧྲིལ་བོ་ཇོ་མོ་ལྷ་རིའི་ཡིག་གཟུགས་སུ་འགྱུར་འགྲོ་བ་ཡིན་ནོ།།

མཐུད་སྣེ་འདིའི་སྐོར་ནས་སྔོན་ཆད་ཀྱང་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བར་ཤོག་ངོས་ཤིག་བཟོས་ཡོད་པ་དང་། ཤོག་ངོས་དེ་རུ་བེད་སྤྱོད་ཅི་ལྟར་གཏོང་དགོས་ལུགས་སྐོར་གསལ་བོར་འཁོད་ཡོད་པར་རྒྱུས་ལོན་བྱེད་འདོད་ན་དྲ་གནས་འདིར་གཟིགས་རོགས་ཞུ། https://www.tibetitw.com/wordpress-plugin/tibetan-style

སྤེལ་མཁན།

བོད་ཡིག་བརྡ་འཕྲིན་ལག་རྩལ།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།